བོད་ཀྱི་སྐད་ཡིག།

ར་ཌོ་ཇི་ཌོ་མ་ནོ་ཝིཅ་ཁོང་ནི་༠༢།༡༦།༡༨༧༣། ནས། ༠༨།༡༧།༡༩༠༨། བར་བྱུང་བའི་ཟུར་ཟའི་བརྩམས་སྒྲུང་ཐད་སྙན་གྲགས་ཡོད་པའི་ནུབ་ཕྱོགས་རྒྱལ་ཁབ་སར་བྷི་ཨ་ཕྱོགས་ཀྱི་རྩོམ་པ་པོ་དང་། གསར་འགོད་གསལ་བསྒྲགས་པ་དང་། རྒན་ལགས་བཅས་རེད།

སྐུ་ཚེའི་ལོ་རྒྱུས།

ར་ཌོ་ཇི་ཌོ་མ་ནོ་ཝིཅ་ཁོང་ནི་སར་བྷི་ཨའི་དབུས་ཀྱི་ཨོབ་སི་སི་ཋ་ཞེས་པའི་གྲོ་གསེབ་ན་འཁྲུངས། ཁོང་དམའ་རིམ་སློབ་གྲྭ་ཀར་གྷུ་ཇི་བཇ་ཞེས་པ་ལས་སློབ་མཐར་སོན། བྷེལ་གེ་རེཌ་ཆེས་མཐོ་རིམ་སློབ་གྲྭའི་མཚན་ཉིད་རིག་པའི་སྡེ་ཚན་གྱི་ལས་བྱེད་ཡིན་པ་དང་། ཆེས་མཐོ་རིམ་སློབ་གྲྭ་དེ་གར་སར་བྷི་ཨའི་སྐད་རིགས་དང་། ལོ་རྒྱུས་དག་བསླབས། ༡༨༩༥ ནས་༡༨༩༨ བར་ཌོ་མ་ནོ་ཝིཅ་ཁོང་ཤར་ཕྱོགས་སར་བྷི་ཨ་ཁུལ་དུ་སར་བྷི་ཨའི་སྐད་རིགས་ཀྱི་རྒན་ལགས་གནང་། རྒན་ལགས་གནང་དུས་དངོས་ཡོད་རིང་ལུགས་པའི་བརྩམ་སྒྲུང་བྲི་འགོ་ཚུགས། ཆབ་སྲིད་ཚོགས་པ་ཁ་བཏད་དེའི་ཕྱོགས་ཁར་སོང་བའི་རྐྱེན་གྱིས་འཚོ་རྟེན་ཤོར་ཏེ་བྷེལ་གེ་རཌ་ལ་སྤོ་དགོས་ཐུག བྷེལ་གེ་རེཌ་ནང་ཆབ་སྲིད་གསར་ཤོག་དང་རྩོམ་རིག་གསར་ཤོག་ཁང་ནང་གསར་ཤོག་པ་གནང་སྟེ། སྐབས་དེའི་སྲིད་གཞུང་གི་གཡོ་རྫུ་དང་ཁུངས་མེད་ཀྱི་བྱེད་སྟངས་དག་ལ་སྦ་གསང་མེད་པའི་ཆབ་སྲིད་དང་འབྲེལ་བའི་རྩོམ་སྤེལ་དང་། ཟུར་ཟའི་བརྩམས་སྒྲུང་སྤེལ་བ་བཅས་གནང་། དབུ་འཁྲིད། (༡༩༠༡) སི་ཊར་ཌི་ཇ། (༡༩༠༢) ཞེས་པའི་རྩམས་ཆོས་གཉིས་སྤེལ་ནས་བཟུང་ཁོང་གི་སྙན་གྲགས་ཕྱོགས་མཐར་ཁྱབ། གཡོ་བསྒྱུ་མེད་པའི་ཐུགས་གཤིས་མངའ་བས། ཁོང་སྐབས་དེའི་ཨོ་བྷེར་ནཱོ་ཝིཅ་རྒྱལ་བརྒྱུད་དང་དེའི་སྲོལ་སྐྱོང་རིང་ལུགས་སྲིད་གཞུང་གི་སྐྱོན་བརྗོད་པ་གཙོ་བོ་གྲས་སུ་རྩིས། ༡༩༠༣ ནང་སྲིད་དབང་བཙན་འཕྲོག་དང་། སྲིད་གཞུང་གསར་པ་བཙུགས་པའི་འོག ཁོང་ཤེས་རིག་ལྷན་ཁང་གི་དྲུང་ཡིག་ཏུ་བསྐོས། སྲིད་གཞུང་གསར་པས་ལོ་གཅིག་རིང་ཆེད་སྦྱོང་ཆེད་ཇེར་མ་ནིར་མངགས་ཏེ། ཁོང་ཇེར་མ་ནི་རྒྱལ་ས་མུ་ནིག་ཏུ་བཞུགས། སར་བྷི་ཨར་ཕྱིར་ལོག་དུས་དོན་ལྡན་གྱི་འགྱུར་བ་ནི་རིག་རྒྱུ་མེད། ཁོང་གིས་གསར་ཤོག་ཁང་སི་ཊར་ཌི་ཇ་ཞེས་པ་ཞིག་དབུ་རྙེད་དེ། དེའི་ནང་མུ་འཐུད་མང་གཙོའི་སྲིད་གཞུང་གསར་པར་འགག་བསྒྲུབ་སོགས་བྱས། འོན་ཀྱང་ཁོང་གི་བརྩམས་ཆོས་ལ་དེ་སྔོན་ལྟར་རྩོམ་ངར་དང་སེམས་འགུལ་ཐེབས་པའི་ཡོན་ཏན་སོགས་ལྷག་མེད། ཁོང་གློ་ཚད་དང་ཊི་བྷིའི་ནད་ཀྱིས་བསྟུད་མར་མནར་ཏེ་དགུང་ལོ་སོ་ལྔར་ཕེབས་པ་དང་། ༠༨།༡༧།༡༩༠༨། མཚན་གུང་ནས་སྐར་མ་གསུམ་ཅུ་ཟིན་པའི་ཚེ་འདས་གྲོངས་སུ་ཕེབས། ཁོང་གི་བརྩམས་ཆོས་འགྲེམ་སྤེལ་ཞུ་མ་ཐུབ་པ་དག་འཛམ་གླིང་དམག་ཆེན་དང་པོའི་སྐབས་གཏོར་བརླག་ཏུ་ཤོར། རྣོ་ངར་ཅན་གྱི་རིག་པ་དང་། ལྟ་སྙཱིང་མཁྲེགས་འཛིན་པ་དང་འཐབ་རྩོད་གནང་བའི་ཕྱག་རྗེས་ཀྱིས། ཁོང་སར་བྷ་ཨའི་དུས་རབས་ཉི་ཤུ་ནང་གི་རྩམ་པ་པོ་ནང་ནས་ཚད་མཐོ་ཤོས་སུ་རྩི་མུས་ཡིན།

བརྩམས་ཆོས།

ཁོང་གི་བརྩམས་ཆོས་ཆེས་གྲགས་ཆེ་བ་དག་ནི།

  • ༡༨༩༨ ལོའི་བརྩམས་ཆོས། གདོན་འདྲེ།
  • ༡༨༩༨ ལོའི་བརྩམས་ཆོས། དྲག་ཚོར་འགོག་པ།
  • ༡༩༠༡ ལོའི་བརྩམས་ཆོས། ཐེངས་གཉིས་པའི་རིང་སར་བྷ་ཨ་ཡུལ་མི་ནང་གི་ཀ་རལ་ཇི་ཝིཅ་མར་ཀོ།
  • ༡༩༠༡ ལོའི་བརྩམས་ཆོས། དབུ་འཁྲིད།
  • ༡༩༠༡ ལོའི་བརྩམས་ཆོས། སི་ཊར་ཌི་ཇ།
  • ༡༩༠༢ ལོའི་བརྩམས་ཆོས། སྲོག་མེད་ཀྱི་མཚོ།
  • ༡༩༠༢ ལོའི་བརྩམས་ཆོས། སར་བྷི་ཨའི་ཡུལ་མི་དཀྱུས་མ་ཞིག་གི་བསལ་བློ་གཏོང་སྟངས།

ར་ཌོ་ཇི་ཌོ་མ་ནོ་ཝིཅ་ཞེས་པའི་ལས་འཆར་དེ་ནི་ར་ཌོ་ཇི་ཌོ་མ་ནོ་ཝིཅ་ཡི་བརྩམས་ཆོས་ཕྱོགས་སྡེབ་ཅེས་པ་ཀློག་ཀླད་དུ་འཇུག་སྟེ། རྩོམ་པ་པོ་ཁོང་གི་བརྩམས་ཆོས་དངོས་དང་སྐད་རིགས་གཞན་དུ་བསྒྱུར་མ་བཅས། རྒྱལ་སྤྱིའི་ས་གནས་གང་སར་ཡོད་པའི་ཀློག་པ་པོ་དག་གི་སྤྱན་ལམ་དུ་འབུལ་བའི་དམིགས་ཡུལ་བཅངས་ཏེ། ཝ་ལ་དི་མིར་ཛི་བ་ནོ་ཝིཅ་ཡིས་གཙོ་འཛིན་གནང་བཞིན་པ་རེད། ཝ་ལ་དི་མིར་ཛི་བ་ནོ་ཝིཅ་ཁོང་ནི་འཆར་འགོད་པ་ཞིག་ཡིན་པ་དང་། རྩོམ་རིག་ཐད་དོ་སྣང་ཅན་ཞིག་ཡིན། འོག་གི་བརྩམས་སྒྲུང་འདི་ནི་ར་ཌོ་ཇི་ཌོ་མ་ནོ་ཝིཅ་ཞེས་པའི་ལས་འཆར་གྱི་ཆེད་དམིགས་སུ་བཟུང་ནས་འདི་གར་སྤེལ་བ་ནི་ད་བར་ཆེས་ཐོག་མ་དེའོ།

  • ༡༩༠༡ ལོའི་བརྩམས་ཆོས། དབུ་འཁྲིད། (༡–༢–༣)

ར་ཌོ་ཇི་ཌོ་མ་ནོ་ཝིཅ་ཞེས་པའི་ལས་འཆར་ཆེད་དམིགས་ཏེ། བསྒྱུར་བ་པོ་རྒྱ་མཚོ་གུ་རུང་གིས་བོད་སྐད་དུ་བསྒྱུར་བའོ།

%d bloggers like this: