དབུ་འཁྲིད། (༣)
དེ་ལྟར་ཉིན་དང་པོ་འདས་ནས་དེ་རྗེས་ཉིན་མང་པོའི་རིང་ལའང་འགྲུབ་འབྲས་དེ་བཞིན་བྱུང་། རྐྱེན་ཆུང་ངུ་ཕུད་པའི་ཚབས་ཆེན་པོ་ཅི་གང་མ་འཕྲད། ཁོང་མགོ་རྟིང་ལོག་སྟེ་ཡུ་ར་ནང་ལྷུང་བ་དང་། དེ་ནས་ས་རྡོང་ནང་དང་། རྩ་སོགས་ཀྱིས་ཁེངས་པའི་གྱང་ར་དང་ལམ་བུ་ནག་པོས་བྲད་པ་དང་། ཚེར་མའི་སྟེང་གོམ་པ་སྤོས་པ་དང་། འགའ་རེའི་རྐང་པ་དང་ལག་པ་ཆག་པ་དང་། འགའ་རེའི་མགོ་བརྡབ་པ་བཅས་བྱུང་། འོན་ཀྱང་མནར་བཅོས་དེ་དག་བཟོད་བསྲན་བྱེད། མི་རྒས་པོ་འགའ་ནི་ལམ་ཁར་འཆི་རྒྱུའི་ཆེད་བོརདགོས་བྱུང་། དེར་གཏམ་བཤད་པས། ལམ་ཟུར་ལ་སྨོས་མི་དགོས་པར་ཁོང་ཚོ་ནང་ལ་བསྡད་ཡོད་ནའང་འཆི་བ་ཡོད། ཅེས་བཤད་དེ་གཞན་དག་ཚོར་བསྟུད་མར་ཕེབས་དགོས་པའི་སེམས་ཤུགས་སྤར། ལོ་ན་གཅིག་དང་གཉིས་སུ་སོན་པའི་བྱིས་པ་འགའ་ཕྱི་མའི་ལྔ་ལམ་དུ་འདས། དེ་ནི་དཀོན་ཅོག་གི་ཐུགས་དགོངས་ཡིན་པར་རྩིས་ནས་ཕ་མ་དག་སེམས་ཚོར་ནང་དུ་བསྣན་ཏེ་ཕྱིར་མི་མངོན་པར་བྱས། ཕྲུ་གུ་ག་ཚོད་ཆུང་ན་དེ་ཚོད་ཀྱི་ན་ཟུག་ཆུང་བ་ཡོད། ཁོང་ཚོ་ཆུང་དུས་སྡུག་བསྔལ་ཡང་ཆུང་བ་ཡོད། དཀོན་ཅོག་གིས་དུས་ནམ་ཡང་ཕྲུ་གུ་ཚོ་ཁྱིམ་ཚང་ཟིན་པའི་དུས་ལ་བབས་དུས་ཕ་མ་དག་དང་ཁ་དབྲལ་མི་སྲིད། གལ་ཏེ་ཕྲུ་གུ་ཚོའི་ལས་ལ་དེ་ལྟར་བསྐོས་ཡོད་ན། སྔ་ས་ནས་ལྔ་ལམ་དུ་སོང་ན་བདེ། དེ་ལྟར་ན་སྡུག་བསྔལ་ཡང་ཉུང་། ཞེས་གཏམ་བཤད་པས་སླར་སེམས་གསོ་བྱས། འགའ་རེས་རས་རློན་པས་མགོ་བཀྲི་བ་དང་། རེ་འགས་སྐྲང་འབུར་སོགས་ལ་སྣོན་བྱེད་གྲང་མོ་དེ་འདྲས་བསྣན། གཞན་འགའ་ལག་རས་ནང་ལག་པ་བཞག་སྟེ་འགྲོ་བ་དང་། དུག་ལོག་ཡོད་ཚད་ཧྲུལ་པོ་དང་རལ་པ་ཤ་སྟག་རེད། ཁོང་ཚོའི་གྱོན་པ་དག་ནི་རལ་དུམ་ལྷང་ལྷང་དུ་ཡོད་ནའང་། དགའ་སྤྲོའི་ངང་མདུན་དུ་བསྐྱོད། གལ་སྲིད་དེའི་སྐབས་མུ་གེས་ཡང་ནས་ཡང་དུ་མནར་མེད་ན་གནས་སྟངས་བཟོད་སླ་བོ་ཡོང་བ་ཡོད། གང་ལྟར་མུ་འཐུད་མ་འགྲུལ་ཐབས་མེད་རེད། དེ་བཞིན་ཉིན་ཞིག་གནས་ཚུལ་ཛ་དྲག་གཅིག་ལྷག་སྟེ།
དེ་ཡང་། དབུ་འཁྲིད་ནི་བློ་སྟོབས་ཆེ་ཤོས་དག་གིས་བསྐོར་ཏེ་མདུན་དུ་བསྐྱོད་བཞིན་ལ་། (ཁོང་རྣམས་ལས་མི་གཉིས་གར་སོང་ཆ་མེད་དུ་འགྱུར་བ་དང་། སུས་ཀྱང་གང་དུ་ཡོད་མེད་མ་ཤེས། ཡོངས་གྲགས་ཀྱི་བསམ་ཚུལ་ལྟར་ན་ཁོང་རྣམས་གཉིས་མ་རབས་བྱས་ཏེ་བྲོས་སོང་ཞེའོ། གཏམ་བཤད་པས་སྐབས་ཤིག་ལ་ཁོང་ཚོའི་བྱ་སྤྱོད་མ་རབས་དེའི་སྐོར་སྨོས། འགའ་རེས་ཁོང་གཉིས་ལམ་བར་དུ་འདས་པའི་ཚོད་དཔག་བྱས། འོན་ཀྱང་མི་མང་གཞན་དག་མི་འདྲོགས་པའི་ཆེད་སྐདཆ་དེ་མ་གླེང་བར་བཞག) མི་ཚོགས་ལྷག་མ་ཀུན་ཁོང་ཚོའི་རྒྱབ་ན་བསྟར་འགྲིགས་ནས་ཡོད། གློ་བུར་དུ་བྲག་རྡོ་ཆེན་པོ་ཞིག་དང་འཕྲད། དེ་ནི་གཡང་གཟར་ཞིག་རེད། གཡང་དེ་གཟར་པོ་ཞེ་དྲགས་ཡོད་པས་ཁོང་ཚོ་གོམ་པ་མདུན་སྤོས་ཁྱོན་ནས་བྱེད་ཐུབ་མེད། བློ་སྟོབས་ཆེ་ཤོས་དག་ཀྱང་འདིར་འགྲོ་མཚམས་བཞག་ནས་དབུ་འཁྲིད་ལ་བལྟ་ཙམ་བྱས། ཁོང་ནི་མགོ་བོ་གུག་སྟེ་བསམ་བློའི་དྲ་བར་ཚུད་བཞིན་ངོ་གདོང་སྙེར་ནས། ནམ་རྒྱུན་གོམས་གཤིས་ལྟར་འཁར་རྒྱུག་དེ་ཐོག་མ་གཡས་དང་དེ་ནས་གཡོན་དུ་སྣུན་བཞིན་བློ་སྟོབས་ངང་མདུན་བསྐྱོད་བྱས། མང་ཆེས་བས་གསུང་ན། གནས་ཚུལ་དེས་རྐྱེན་པས་ཁོང་གཟི་ཉམས་དོད་དུ་ཕྱིན་ཞེས་བརྗོད། ཁོང་གིས་སུ་གང་ལའང་བཤད་མེད་ལ་བལྟ་ཙམ་ཡང་བྱས་མེད། གཡང་རོང་གི་ངོས་ལ་ཇེ་ཉེར་ཇེ་ཉེར་འབྱོར་དུས་ཁོང་གི་རྣམ་འགྱུར་ལ་འགྱུར་བ་དང་འཇིགས་པའི་རྣམ་པ་རིག་རྒྱུ་མེད། བློ་སྟོབས་ཆེ་ཤོས་དེ་དག་ཀྱང་གཤིན་པོའི་རོ་བཞིན་སྐྱ་བོར་འགྱུར། ཡིན་ཡང་དཔའ་མཛངས་ཁོང་ལ་སྔོན་བརྡ་གཏོང་ཕོད་པ་ནི་སུ་ཡང་མ་བྱུང་། གོམ་པ་ཟུང་རེ་སྤོས་པའི་འོག་བྲག་རྡོའི་ཁ་ཟུར་དུ་སླེབས། མི་ཡོད་དོ་ཅོག་ཧ་ལས་པའི་འཇིགས་སྣང་དང་མིག་བགྲད་བགྲད་ངང་་འདར་བཞིན་ལྷག ཁོང་གོམ་པ་གཅིག་སྤོས་གཉིས་སྤོས་རྗེས་གྲོག་ཤུར་ནང་མཆོངས་དུས། དཔའ་བློ་ཁོག་ཆེ་ཤོས་དེ་དག་སྒྲིགས་ཁྲིམས་དང་རྒལ་དགོས་ཐུག་ནའང་ཁོང་ཕྱིར་འགོག་གྲབས་བྱས། དེར་མི་ཚོགས་དག་འཇིགས་སྣང་གིས་ཧ་ལས་ཧོན་འཐོར་ཏེ་ངུ་སྐད་དང་སྐད་ཅོར་ཤོར། རེ་ཟུང་ནི་བྲོས་པར་བརྩམས།
ཅུང་ཟད་འགུག་དང་སྤུན་གྲོགས་ཚོ། བྲེལ་ཟིང་ཅི་འདུག ཁྱེད་རང་གི་ཁ་བདེན་ཚིག་ལ་གནས་སྟངས་དེ་ལྟར་ཨེ་ཡིན། ཁོང་གང་གནང་མིན་ཁོང་གིས་མཁྱེན་གྱི་ཡོད་པས། ང་ཚོས་ངེས་པར་དུ་ཁོང་གི་རྗེས་སུ་འབྲངས་དགོས། ཁོང་སོ་སོ་རང་ཉིད་ལ་བརྡབ་གསིག་གཏོང་བའི་སྙོན་པ་ནི་མིན། ཁོང་གི་རྗེས་སུ་མདུན་དུ་བསྐྱོད། འདི་ནི་ཕལ་ཆེར་གེགས་བར་མཐའ་མ་དང་ཆེ་ཤོས་དེ་ཡིན་ལས་ཆེས། སུས་ཤེས། གཅིག་བྱས་ན་གྲོང་ཤུར་དེའི་ཕར་ཕྱོགས་ན་དཀོན་ཅོག་གིས་ང་ཚོའི་ཆེད་དུ་བཞག་པའི་ས་ཆུ་ཕུན་སུམ་ཚོགས་པ་དེ་འདྲ་རྙེད་སྲིད། མདུན་དུ་བསྐྱོད། བློས་གཏོང་ཞེས་པ་མེད་ཚེ་ང་ཚོ་གང་དུའང་འབྱོར་མི་སྲིད། གཏམ་བཤད་པས་ཚིག་གཏམ་བསླབ་བྱ་འགའ་དེ་ལྟར་སྨོས་ཏེ། ཁོང་ཡང་གོམ་སྤོས་གཉིས་ཙམ་མདུན་དུ་བསྐྱོད་དེ་གྲོང་ཤུར་ནང་ཡལ་སོང་། དེའི་རྗེས་སུ་དཔའ་བློ་ཆེ་ཤོས་དག་རྗེས་སུ་འབྲངས་པ་དང་དེནས་ཚང་མས་དེའི་ནང་མཆོངས། གྲོང་ཤུར་ཆེན་པོ་དེའི་གཡང་གཟར་ན་སྨེ་མངགས་ཐོན་པ་དང་། སྡུག་སྐད། ངུ་སྐད་དང་བྲེད་བརྡབ་བཅས་ཤོར། རྨས་སྐྱོན་མེད་པ་དང་བདེ་ཐང་ངང་ལུས་རྒྱུ་ཕར་བཞག གསོན་པོར་མི་འཐོན་ཐག་ཆོད་རེད་ཅེས་པའི་རྗེས་སུ་དཔག་སྟེ་དམ་བཅའ་ཡང་བླངས་ཐུབ་པ་ཡོད། འོནཀྱང་མིའི་ཚེ་ཞེས་པ་དེ་འཆོར་དཀའ་བོ་ཞིག་ལགས། འགོ་འཁྲིད་ནི་དམིགས་གསལ་གྱི་ལམ་ལྷོང་ཅན་ཞིག་སྟེ། ཁོང་མར་ཟག་དུས་ཚེར་སྡོང་ལ་འཇུས་པས་རྨས་སྐྱོན་ཅི་གང་ཕོག་མེད། ཁོང་སོ་སོ་ཡར་འདེགས་ཏེ་འཛེགས་ཐུབ་པ་བྱུང་། འོག་ནས་སྨེ་མངགས་དང་། ངུ་སྐད་དང་། ངུ་བ་བཅས་ཅི་རིགས་བྱུང་ཡང་ཁོང་ནི་འགུལ་བསྐྱོད་མེད་པའི་ངང་བསམ་བློ་ཞིབ་མོའི་དྲ་བར་གནས། མི་འགའ་ཞེ་སྔང་ལངས་བ་དང་ཕོག་ཐུག་ཤོར་བས་སྨོད་མོ་བོར་ཏེ། འོན་ཀྱང་དེར་ཁོང་གིས་སྣང་བ་སྟེར་མེད། མི་འགའ་མར་ལྷུང་དུས་ལམ་འགྲོས་ཚེར་སྡོང་དང་ལྗོན་ཤིང་ལ་འཇུས་ཐུབ་པ་བྱུང་བ་དག་ནི་འབད་རྩོལ་ངང་ཡར་འཛེགས་ཐབ་བྱས། འགའི་མགོ་བོ་བརྡབ་སྟེ་ཁོ་ཚོའི་ངོ་གདོང་ནས་ཕྲག་ཕྱུར་བཞིན་གདའ། འགོ་འཁྲིད་ཕུད་པའི་རྨས་སྐྱོན་མ་ཕོག་པ་ནི་སུའང་མེད། གློ་བུར་དུ་ཁོང་ཚོས་ཁོང་ལ་དམིགས་ཏེ་གདོང་སྙེར་བསྡུས་ཏེ་ངར་སྐད་སྒྲོགས་ནའང་ཁོང་གིས་མགོ་བོ་འགྱོག་ཙམ་ཡང་བྱས་མེད། ཁོང་ཁ་ཁུ་སིམ་མེར་བསྒོམ་ཆེན་པ་ཚད་ལྡན་པའི་རྣམ་འགྱུར་བཅངས།
ཉིན་ཤས་འདས་རྗེས་འགྲུལ་ཞུགས་པའི་གྲངས་དེ་ཇེ་ཉུང་དུ་འགྲོ་འགོ་བཙུགས་ཏེ། ཉིན་རེ་ནས་ཇེ་སྡུག་ཏུ་སོང་། རེ་ཟུང་ནི་འགྲུལ་སྡེ་ནས་ཕྱིར་ཐོན་པ་དང་། འགའ་རེ་ནི་ཕྱིར་ལོག་བྱས།
འགྲུལ་ཞུགས་འགོ་བཙུག་པའི་སྡེ་ཚོགས་ཆེན་པོ་ལས་མི་གྲངས་ཉི་ཤུ་ཙམ་ལས་མ་ལྷག རིད་ལ་བཀྲག་མདངས་མེད་ཅིང་ངལ་གསོ་མེད་པའི་ངོ་མདོག་གིས་འུ་ཐུག་དང་། དོགས་པ་དང་། ཐང་ཆད་པ་་བཅས་མཚོན་པར་བྱས། ཡིན་ཡང་སུ་གང་གིས་ཀྱང་ཚིག་གཅིག་ཀྱང་མ་བཤད། ཁོང་རྣམས་པ་ཁོང་ཚོའི་འགོ་འཁྲིད་ལྟར་ཁུ་སིམ་མེར་གནས་ཏེ་མུ་འཐུད་ལྷོད་དལ་གྱིས་བསྐྱོད། སེམས་ཤུགས་ཅན་གྱི་གཏམ་བཤད་པ་ཁོང་ཡང་འུ་ཐུག་ངང་མགོ་གཡུགས་གཡུགས་བྱས། འགྲུལ་ལམ་དེ་ཁག་པོ་ཡོད་བདེན་པ་རེད།
ཉིན་རེ་ནས་བཟུང་གྲངས་ཉུང་དུ་སོང་སྟེ་མི་བཅུ་ཁོ་ན་ལུས། ཡི་ཆད་པའི་རྣམ་འགྱུར་གྱིས་གྲོས་བྱེད་རྒྱུའི་ཚབ་ལ་སྐྱོན་བརྗོད་དང་སྡུག་སྐད་ཁོ་ན་བརྒྱབ་ཏེ་བསྡད།
ཁོ་ཚོ་དབང་པོ་ཀུན་ཚང་ལས་དབང་པོ་མེད་པའི་མི་ཞིག་དང་མཚུངས། རེ་འགའ་འཁར་རྒྱུག་ལ་བརྟེན། རེ་ཟུང་མིད་པའི་བསྐོར་དུ་བཀྲིས་པའི་རས་དེ་ལ་ལག་པ་བཅངས། ལག་པར་རྨ་དཀྲིས་དང་བདམ་བྱེད་བཅས་ཅི་རིགས་ཁེངས་ནས་ཡོད། གལ་ཏེ་བསྐྱར་དུ་བློས་གཏོང་འདྲ་བྱེད་དགོས་བསམ་ནའང་བློས་གཏོང་ཆེད་ལུས་པོའི་སྟེང་ལྕོགས་པའི་སྒོ་ས་ཧ་ལམ་མེད། ཁོང་ཚོའི་ནང་ནས་བློ་སྟོབས་དང་ཤད་ཆེ་ཤོས་དག་ཀྱང་ཡིད་ཆེས་དང་རེབ་ཆད་ནའང་སྐྱོན་བརྗོད་གཏོང་བཞིན་ན་ཟུག་གིས་ཟེར་ཏེ། ནུས་ཤུགས་གང་ཡོད་ཀྱིས་འཁྱོག་གེ་འཁྱོག་གེ་མདུན་དུ་བསྐྱོད། ཕྱིར་ལོག་ཐབས་ནི་བྲལ་བས། ཁོང་རྣམས་ལ་ཐབས་ཤེས་གཞན་པ་གང་ཡོད། བློས་གཏོང་དེ་འདྲ་ཕོན་ཆེན་པོ་བྱས་ཞོར་ལ་ད་གཟོད་འགྲུལ་ཞུགས་མཚམས་འཇོག་བྱེད་ཕོད་དམ།
སྲོད་ཟིན། འཁར་རྒྱུག་ལ་བརྟེན་ནས་ཞ་འཐེན་ཏེ་འགྲོ་བཞིན་ལ་། གློ་བུར་དུ་འགོ་འཁྲིད་ཁོ་ཚོའི་མདུན་ལ་མེད་པ་དོ་སྣང་བྱུང་། གོམ་པ་གཅིག་སྤོས་པས་ནི་ཁོ་ཚོའང་གྲོག་ཤུར་ཞིག་གི་ནང་འཆོངས་ཤོར།
ཨ་ཁ། ངའི་རྐང་པ། ཨ་ཁ། ངའི་ལག་པ། ཞེས་པའི་སྨེ་མངགས་དང་ངར་སྐད་འདོན། སྐད་མདངས་སྐྱོ་བོ་ཞིག་གིས་འགོ་འཁྲིད་ལ་དམའ་འབེབས་ཀྱང་བྱེད། འོན་ཀྱང་ལམ་སེང་ཁ་ཁུ་སིམ་པར་འགྱུར།
ཉི་མ་བཞད་དུས་འགོ་འཁྲིད་ཁོང་དབུ་འཁྲིད་ཐོག་མ་བདམ་དུས་དང་ཆ་འདྲ་བར་ཕྱོགས་ཕ་རོལ་ན་བསྡད་ཡོད། ཕྱིའི་རྣམ་འགྱུར་ལ་ནི་ཁྱད་པར་སྤུ་ཙམ་མེད།
མི་གཞན་གཉིས་ཀྱིས་རྗེས་སུ་འབྲེལ་ཏེ་གཏམ་བཤད་པ་ཁོང་གྲོག་ཤུར་ནས་འཛེགས་ཡོང་། དབང་པོར་སྐྱོན་ཤོར་བ་དང་ཁྲག་ཕྱུར་བའི་ངང་མི་གྲངས་ག་ཚོད་ལྷག་ཡོད་མེ་བལྟ་ཆེད་ཕྱིར་བརྒྱབ་སློག་དུས། ཁོ་ཚོ་མི་གྲངས་གསུམ་པོ་ལས་མེད། འཆི་ལ་ཁད་པའི་འཇིགས་སྣང་དང་རེ་སྟོང་གིས་སེམས་པ་ཁེངས། ཡུལ་ལུང་འདི་ནི་རྒྱུས་མེད་བྲག་རི་ཡིན་ཞིང་ཕྱོགས་གང་སར་ལམ་མེད་པ་ཞིག་རེད། ཉིན་གཉིས་སྔོན་ཁོ་ཚོར་ལམ་ཞིག་རྙེད་ཀྱང་ཁོ་ཚོས་བོར་ཏེ་འོང་། འགོ་འཁྲིད་ཀྱིས་ཁོང་ཚོ་དེ་ཕྱོགས་སུ་འཁྲིད་པ་རེད། འགྲུལ་ཞུགས་ཉེན་ཁ་ཅན་དེར་འདས་གྲོངས་སུ་ཕྱིན་པའི་སྤུན་མཆེད་དང་མཉེན་ཉེ་གྲོགས་དག་བསམ་ཡོང་དུས། རྨས་སྐྱོན་ཕོག་པའི་ཉིང་ལག་གི་ན་ཟུག་ལས་ཀྱང་ཚབས་ཆེ་བའི་སྐྱོ་སྣང་དག་ཁེངས། ཁོ་ཚོས་རང་ཉིད་ཀྱི་གཏོར་བརླག་སོ་སོའི་མིག་མདུན་ན་མངོན་དུ་གྱུར།
གཏམ་བཤད་པ་ཁོང་འགོ་འཁྲིད་ཀྱི་རྩར་སོང་སྟེ། སྐད་ཀྱིམདངས་ཐང་ཆད་པ་དང་། ཚ་ཟེར་གྱི་ཁེངས་ཞིང་འདར་བཞིན་པའི་སྐད་ཀྱིས་འདི་ལྟར་བཤད།
ང་ཚོ་ད་ལྟ་གང་དུ་འགྲོ་འཆར་ཡོད་དམ། ཞེས་དྲིས་ནའང་། འགོ་འཁྲིད་ཁོང་ཁུ་སིམ་མེར་གནས།
ཁྱེད་རང་གིས་ང་ཚོ་གང་དུ་འཁྲིད་བཞིན་ཡོད་དམ། ང་ཚོ་གང་དུ་འཁྲིད་ཡོང་བ་ཡིན་ནམ། ང་ཚོ་ས་བཅུད་མེད་པའི་ས་གནས་དེར་ཕུངས་པ་ལས་བསྐྱོབ་ན་སྙམ་པའི་རེ་བ་བཅངས་ཏེ། སོ་སོའི་ནང་དང་ཕ་མེས་ཀྱི་དུར་ཁྲོད་བོར། ང་རང་ཚོའི་སྲོག་དང་ཁྱི་མ་ཚང་ཡོངས་ཀྱི་སྲོག་ཁྱེད་ལ་བཅོལ་ཏེ་ཁྱེད་ཀྱི་རྗེས་འབྲངས་ནའང་། ཁྱེད་ཀྱིས་ང་ཚོ་ཆེས་སྡུག་པའི་ཕུང་འཁྲོལ་ནང་བཅུག་པའོ། ཁྱེད་རང་རྗེས་སུ་འབྲངས་པའི་དུད་ཚང་ཉིས་བརྒྱ་ལས་ད་ཆ་ག་ཚོད་ལྷག་མིན་གཟིགས་དང་།
ཁྱེད་ཀྱིས་གསུང་ན། འགྲུལ་ཞུགས་པ་ཡོད་ཚད་འདིར་མི་འདུག་ཅེས་སྨོས་སམ། ཞེས་མགོ་ཡར་མ་འདེགས་པར་ལྡབ་ལྡིབ་ཏུ་བཤད།
ཁྱེད་རང་གིས་དྲི་བ་དེ་འདྲ་འདྲི་ཕོད་དམ། མགོ་བོ་ཡར་འདེགས་ཏེ་ལྟོས་། ལམ་ལྷོང་མེད་པའི་འགྲུལ་ཞུགས་འདིར་ང་ཚོ་གྲངས་ག་ཚོད་ལྷག་མིན་རྩིས། ང་ཚོའི་གནས་སྟངས་ལ་ལྟོས། འདི་འདྲའི་དབང་པོ་སྐྱོན་ཅན་ཞིག་ཏུ་ལུས་པ་ལས་འཆི་ནབཟང་།
ངས་ཁྱེད་རང་ལ་བལྟ་མི་ཐུབ།
རྒྱུ་མཚན་གང་ཡིན་ནམ།
ང་ཞ་ར་ཡིན།
ཁོང་ཚོ་འཇམ་ཏིང་ངེར་གྱུར། འགྲུལ་ཞུགས་རིང་ཁྱེད་རང་གི་དབང་པོར་སྐྱོན་ཤོར་པ་ལགས་སམ།
ང་སྐྱེས་དུས་ནས་ཞ་ར་ཡིན།
མི་གསུམ་པོ་ཡི་མུག་གི་གནས་སུ་ལྷུང་།
སྟོན་ཁའི་རླུང་ཚུབ་དེ་འཁོན་འཛིན་ཡོད་པའི་ཚུལ་གྱིས་རི་བརྒྱུད་ནས་གཡོ་སྟེ་ལོ་མ་སྐམ་པོ་དག་སར་ལྷུང་བར་བྱེད། སྤྲིན་ནག་རི་གང་དུ་འཁྲིགས། བྱ་རོག་ནག་པོ་དག་རླངས་ཟིལ་ཅན་གྱི་རླུང་གྲང་མོའི་ཁྲོད་ཤོག་ཟུང་རྣམས་རྡེབ་རྡེབ་ངང་འཕུར། ལྟས་ངན་པ་བྱ་རོག་སོགས་ཀྱི་སྐད་ངན་དག་སྒྲོགས། བྲེལ་ཚུབ་ངང་བསྟུད་མར་གཡོ་བཞིན་པའི་སྤྲིན་པ་དག་གིས་ཉི་མ་ཁེབས།
མི་གསུམ་པོ་ཕན་ཚུན་འཇིགས་སྐྲག་དང་སྦྲེལ་ནས་བལྟ་བཞིན།
ད་ང་ཚོ་ག་བར་འགྲོ་ན་བཟང་། ཞེས་གཅིག་གིས་གོ་ལ་མ་གོ་ལ་ཚུལ་དུ་སྨོས།
ང་ཚོས་མི་ཤེས།
བྷེལ་གེ་རེཌ་ནང་ (༡༩༠༡)
ར་ཌོ་ཇི་ཌོ་མ་ནོ་ཝིཅ་ཞེས་པའི་ལས་འཆར་ཆེད་དམིགས་ཏེ། བསྒྱུར་བ་པོ་རྒྱ་མཚོ་གུ་རུང་གིས་བོད་སྐད་དུ་བསྒྱུར་བའོ། (༢༠༢༡)
དབུ་འཁྲིད། (༢)
འཕྲལ་གྱི་རྐྱེན་ངན་པས་སོ་སོའི་ཕ་ཡུལ་དང་ཕ་མེས་ཀྱི་དུར་ཁྲོད་ཡོད་པའི་ས་གནས་འདི་ག་མི་འབོར་ཐབས་མེད་དུ་གྱུར་བའི་མི་སྐྱོ་བོ་དེ་ཚོར་བལྟ་དུས་སེམས་སྐྱོ་བ་ཞིག་རེད། ཁོང་ཚོའི་ངོ་གདོང་ནི་ཤུགས་ཟད་པ་དང་། སྐྱ་བོ་དང་། ཉི་མས་ཚིག་ནས་ཡོད། ཁོང་ཚོའི་ངོ་གདོང་ལ་ལོ་ངོ་མང་པོའི་རིང་ངལ་ལས་ལ་བརྩོན་པའི་འབྲས་བུ་ནི་མངོན་བརྗེན་དུ་གསལ་བ་དང་། དེ་བཞིན་དཀའ་སྡུག་ཇི་མྱོང་དང་ཡི་མུག་པའི་གནས་སྟངས་དག་གི་གཟུགས་བརྙན་ཕྲ་ལམ་མེར་ཤར་ནས་ཡོད། འོན་ཀྱང་སྔོན་གྱི་གནས་སྟངས་དེ་ལྟར་ནའང་། ད་ཆ་ཆེས་ཐོག་མའི་རིང་རེ་བའི་འོད་མངོན་རྒྱུ་ཡོད། ཁང་ཁྱིམ་སོགས་འབོར་མི་ཐུབ་པའི་་གདུང་བ་དང་འདྲེས་ཡོད་པ་ནི་སྨོས་མི་དགོས། འུ་ཐུག་ཐབས་ཟད་ཀྱི་དབུགས་རིང་གཏོང་བ་དང་། ལྟས་ངན་པའི་སྣང་བ་བྱུང་སྟེ་མགོ་གཡུགས་ཙམ་བྱེད་བཞིན་དུ་སྙེར་མ་ཁེངས་པའི་མི་རྒན་འགའི་་བཞིན་རས་དག་ལ་ནི་མིག་ཆུ་རྒྱུ་མཐོང་། ཁོ་མོ་ཚོའི་འདོད་པ་ལ་ཡུལ་ལུང་བཟང་བ་ཞིག་འཚོལ་བ་ལས། བསྟུད་མར་དུས་རྒྱུན་རིང་ཙམ་འདིར་བསྡད་དེ་ས་གནས་འདི་གའི་ས་རྡོ་དང་མཉམ་འཆི་རྒྱུ་འབྱུང་ན་སྙམ། བུད་མེད་ཕལ་ཆེ་བ་ནི་སྨེ་མངགས་འདོན་པ་དང་། གཉེན་ཉེ་འདས་པོ་རྣམས་པའི་དུར་ཁྲོད་བོར་ཏེ་ཆས་ལ་ཁད་པས། གཉེན་ཉེ་འདས་པོ་རྣམས་ལ་རྗེས་སུ་མཇལ་བའི་ལག་བརྡ་བྱས།
སྐྱེས་པ་དག་ཁོག་པ་ཆེ་བའི་རྣམ་པ་བཅངས་ཏེ་སྐད་ཅོར་ཆེན་པོའི་ངང་བཤད་དོན། ད་ཁྱེད་ཚོ་མུ་འཐུད་མུར་གེས་མནར་བཞིན་ས་གནས་ལྟས་ངན་འདིར་གནས་འདོད་དམ། ཞེས་བསྒྲགས་ཀྱང་། དོན་ཐོགས་ལ་ཁོ་རང་ཚོ་ཡང་རན་པ་དང་སྲིད་པ་འབྱུང་ན་མཐུ་ནག་ཕོག་པའི་ཡུལ་ལུང་དེ་དང་དེ་ན་ཡོད་པའི་རྩ་ཁང་སྐྱ་བོ་དག་ཀྱང་འཁུར་ན་འདོད།
མི་ཚོགས་གང་དུ་འདུ་བ་དེ་ཉིད་དུ་རྒྱུན་ལྡན་གྱི་སྐད་ཅོར་ཁེངས། སྐྱེས་པ་དང་སྐྱེས་དམན་དག་ལ་ངལ་གསོ་མེད་པ་དང་། བུ་ཕྲུག་དག་ཨ་མའི་རྒྱབ་ལ་སྐད་གསང་ཕྲ་བོའི་ངང་ངུ་བཞིན། དེས་མི་ཚད་ཕྱུགས་རིགས་དག་ཀྱང་མ་བདེ་བའི་རྣམ་པར་གདའ།
ཁོང་ནི་མགོ་བོ་བཀུག་སྟེ་ཁུ་སི་མེར་བསམ་བློ་གཏོང་བཞིན་གནས། བར་མཚམས་རེར་ས་ལ་མཆིལ་མ་འདོར་ཙམ་ལས་གཞན་གང་མ་གནང་བར་གནས། འོན་ཀྱང་ཁོང་གི་ཀུན་སྤྱོད་ཡ་མཚན་དེས་མི་མང་ནང་ཁུལ་ཁོང་གི་མཚན་སྙན་དེ་བས་ཀྱང་རྒྱས་པ་དང་། ཕལ་ཆེར་ཁོང་གི་ཆེད་དུ་གཏམ་དཔེའི་ནང་དོན་ཇི་བཞིན་ཁོང་རྣམས་པས་ཆུ་དང་མེའང་རྒལ་བ་འདུག ང་ཚོར་མི་དེ་འདྲ་ཞིག་རྙེད་པར་ཡི་རངས་བྱེད་དགོས། ཁོང་མེད་ནས་སྔོན་འཐོན་བྱེད་ཡོད་ན། དཀོན་ཅོག་མཁྱེན། ད་ཟོད་ང་ཚོ་གང་དུ་ཡོད་མེད་བཤད་དཀའ། ཞེས་ལབ་གྲོས་དེ་འདྲ་ཡང་ཐོས་རྒྱུ་ཡོད། ངས་བསམ་ཚུལ་བྱེད་ན་ཁོང་ལ་ཤེས་རབ་ཚད་ལྡན་ཞིག་ཡོད་ཐག་ཆོད། ཁོང་གཏམ་ཚིག་གཅིག་ཀྱང་མི་སྨོས་པར་ཁུ་སི་མེར་གནས། ཞེས་མི་ཞིག་གིས་དབུ་འཁྲིད་ལ་གུས་ཞབས་དང་སྤོབས་པའི་ངང་ལྟ་བཞིན་དེ་ལྟར་བཤད། ཁོང་གིས་སྨོས་དགོས་པ་གང་ཡོད། ལབ་གླེང་མང་པོ་ཡོད་ན་བསམ་གནོ་དེ་ཙམ་མི་གཏོང་བའི་ཚོད་རེད། གཏན་གཏན་ཁོང་མི་རིག་པ་ཅན་ཞིག་རེད། ཅི་གང་མི་སྨོས་པར་བསམ་བློ་་ཁོ་ན་གཏོང་གདའ། ཞེས་གཞན་ཞིག་གིས་ཚིག་དེ་ལྟར་བསྣན་ཏེ་ཁོང་ཡང་དབུ་འཁྲིད་ལ་ཡ་མཚན་ངང་ལྟ་བཞིན་བསྡད།
མི་མང་པོ་དེ་འདྲའི་སྣེ་འཁྲིད་བྱ་སླ་བོ་མེད་པས། ཕྱག་ལས་གལ་ཆེན་དེ་ལྟའི་འགན་ཡོད་དུས་བསམ་གཞིགས་མ་བྱེད་ཐབས་མེད་རེད། ཅེས་གཏམ་བཤད་པ་དང་པོ་དེས་སླར་ཡང་སྨོས། འཐོན་རན་ནའང་། བསམ་བློ་གྱུར་ཏེ་ཁོང་རྣམས་དང་ལྷན་དུ་འགྲོ་མཁན་གསར་པ་འདྲ་མི་ཡོང་ངམ་སྙམ་ཅུང་ཟད་རིང་བསྒུགས། གང་ལྟར་སུའང་ཡོང་མཁན་མེད། དེ་ནས་མུ་འཐུད་གཡས་གཡོན་ལ་འཁོར་ནས་བསྡད་ཐབས་བྲལ་བས། ད་ང་ཚོ་འགྲོ་རན་མ་རེད་པས། ཞེས་འགོ་འཁྲིད་ཀྱིས་དེ་ལྟར་འདྲི་གཅོད་བྱས་མ་ཐག། ཁོང་ཚིག་གཅིག་ཀྱང་ཞལ་ནས་མ་བཏོན་མནང་བར་ཡར་བཞེངས།
མི་དཔའ་གློ་ཁོག་ཆེ་བ་དག་ཛ་དྲག་དང་ཉེན་ཁའི་གནས་སྟངས་དང་འབྲེལ་བའི་གྲ་སྒྲིག་ལ་དམིགས་ཏེ། དེ་མ་ཐག་ཁོང་ལ་མཐའ་ནས་བསྐོར། དབུ་འཁྲིད་ཁོང་གིས་མགོ་བོ་གུག་བཞིན་དཔྲལ་གཉེར་སོགས་བསྡུས་ཏེ་འཁར་རྒྱུག་དེ་བརྗིད་ཉམས་ངང་བསྐོར་ཐོགས་ལ་གོམ་པ་འགའ་སྤོས། མི་ཚོགས་དག་ཀྱང་ཁོང་དང་འབྲེལ་ནས་ཡར་མར་བགྲོད་དེ། སྐུ་ཚེ་བསྐལ་བརྒྱར་བརྟན་ཞེས་སྐད་ཅོར་གྲགས། ད་དུང་གོམ་པ་འགའ་སྤོས་ཏེ་ཡུལ་སྡེའི་ཚོགས་ཁང་གི་ར་བ་ལ་རྡུང་ཁ་ཐུག་པ་དང་། དེར་ཁོང་འགྲོ་མཚམས་འཇོག་དགོས་པ་བཞིན་མི་ཚོགས་ཀྱིས་ཀྱང་མཚམས་བཞག འགོ་འཁྲིད་དེས་གོམ་པ་ཕྱི་ཤོལ་གྱིས་འཁར་རྒྱུག་གིས་ར་བར་ཐེངས་འགའ་བསྣུན།
ཁྱེད་ཀྱིས་གསུང་ན་ང་ཚོས་ཅི་བྱེད་དགོས་སམ། ཞེས་བཀའ་འདྲི་ཞུས། ཁོང་གིས་ལན་གང་ཡང་མ་སྟེར།
ང་ཚོས་ཅི་དགོས་ཨེ། ར་བ་དེ་མར་ཤིགས། ང་ཚོས་བྱེད་དགོས་པ་ནི་དེ་ཡིན། ཁོང་གིས་འཁར་རྒྱུག་གིས་ལས་གང་བྱེད་དགོས་ཡོད་མེད་མ་བསྟན་ཏམ། ཞེས་ཁོང་གི་ཉེ་འཁོར་ན་ཡོད་པ་དག་གིས་བཤད།
རྒྱལ་སྒོ་ཕ་གིར་འདུག རྒྱལ་སྒོ་ཕ་གིར་འདུག ཅེས་ཕྲུ་གུ་དག་གིས་ཁོང་གི་ཁ་བཏད་དུ་ཡོད་པའི་རྒྱལ་སྒོར་འཛུབ་མོ་བཙུགས་ཏེ་སྐད་ཅོར་བརྒྱབ།
ཤུ་ཤུ། ཕྲུ་གུ་ཚོ་ཁུ་སིམ་མེར་འདུག་ཅིག ཅེས་གོང་དེས་བསྐུལ་མ་བཏང་།
དཀོན་ཅོག་གིས་གཟིགས་རོགས། ད་གང་གནང་སོང་ངམ། ཞེས་བུད་མེད་འགའ་ཚུར་རོལ་དུ་འབྱོར།
ཅི་གང་ཤོད་མི་དགོས། གང་བྱེད་དགོས་ཡོད་མེད་ཁོང་གིས་མཁྱེན་གྱིས་རེད། ར་བ་དེ་མར་ཤིགས།
སྐད་ཅིག་དེ་ཉིད་ལ་ར་བ་དེ་སྔོན་མེད་པ་ལྟར་ལྷག་ལུས་མེད་པར་ཤིགས་ཏེ་གྱང་ར་འགལ་ནས་སོང་། གོམ་པ་བརྒྱ་ཙམ་སྤོས་མ་སྤོས་ལ་ཚེར་སྡོང་ཞིག་ལམ་བར་འཕྲད་པས་འགྲོ་མཚམས་བཞག ཤུགས་བརྒྱབ་ཏེ་ཁོ་རང་དེ་ལས་ཕྱིར་འཐོན་ཐུབ་ཙམ་བྱུང་། དེ་ནས་འཁར་རྒྱུག་དེ་ཕྱོགས་གང་སར་བསྣུན་འགོ་བཙུགས། སུ་གང་ཡང་མ་འགུལ་མ་ནུས་པར་ལུས།
ད་གནས་ཚུལ་གང་ལྷགས་སམ། ཞེས་རྒྱབ་ཕྱོགས་ལ་ཡོད་པ་དག་གིས་སྐད་བཏོན།
ཚེར་སྡོང་དེ་གཏུབས་ཅིག ཅེས་དབུ་འཁྲིད་ཀྱི་ཉེ་འཁོར་ན་ཡོད་པ་རྣམས་གྱིས་ངར་ཤུགས་ཀྱིས་སྨོས།
ལམ་ཁ་ཕ་རོལ་ན་འདུག ཚེར་སྡོང་གི་རྒྱབ་ན་སྟེ། ཕར་ཕྱོགས་ན་འདུག ཅེས་རྒྱབ་ཕྱོགས་ན་ཡོད་པའི་མི་འགའ་དང་ཕྲུ་གུ་དག་གིས་སྐད་བཏོན།
ལམ་ཁ་ཕར་འདུག ཕ་རོལ་དུ་འདུག ཅེས་འགོ་འཁྲིད་ཉེ་འཁོར་ན་ཡོད་པ་དག་གིས་ཁོ་ཚོའིལད་མོ་བྱས་ཏེ། ཁོང་གིས་གང་དུ་སྣེ་འཁྲིད་ཀྱིས་ཡོད་མེད་རྨོངས་པ་ལོང་བ་ང་ཚོས་ཇི་ལྟར་ཤེས་སམ། ཡོད་དོ་ཅོག་གིས་བཀའ་གཏོང་ན་མི་ཡོང་། ལམ་བདེ་ཤོས་དང་མགྱོགས་ཤོས་གང་ཡིན་མིན་དབུ་འཁྲིད་མཆོག་གིས་མཁྱེན། ཚེར་སྡོང་དེ་མར་གཏུབས་ཅིག་ཅེས་སྨོས། ཁོང་རྣམས་ཚེར་སྡོང་གཏུབ་པའི་ལམ་བུ་སྟོང་པ་དེར་མཆོངས་ཏེ་ཕྱིན།
ཨ་ཚ། ཞེས་ལུམ་འབྲས་ནག་པོའི་ཡལ་གས་ངོ་གདོང་བྲད་པའི་མི་ཞིག་དང་། ཚེར་སྡོང་ལག་པར་ཕོག་པའི་མི་ཞིག་སྐད་ངན་ཤོར།
སྤུན་གྲོགས་ཚོ། འབད་བརྩོན་མེད་པར་ཅི་གང་ཡང་འཐོབ་མི་སྲིད། འགྲུབ་འབྲས་ཡོང་བར་སྡུག་པོ་ཅུང་ཙམ་མྱོང་དགོས། ཞེས་མི་ཚོགས་ནང་ནས་བློ་སྟོབས་ཆེ་ཤོས་དེས་ལན་སྟེར།
དཀའ་ལས་གང་ཙམ་བརྒྱབ་རྗེས་ཚེར་སྡོང་ལས་ཐར་ཏེ་མདུན་ཕྱོགས་སུ་བསྐྱོད། གང་ཙམ་བསྐྱོད་རྗེས་ལྕུག་ཕྲན་ཞིག་དང་འཕྲད། དེ་ཡང་རྩ་བ་ནས་ཕྱུང་སྟེ་མུ་འཐུད་བསྐྱོད་པ་རེད། འགྲུལ་ཞུགས་ཉིན་དང་པོའི་རིང་བར་ཆད་དེ་རིགས་འགའ་འཕྲད་པས་ལམ་ཐག་ཉུང་ངུ་ཙམ་ལས་གདའ་ཐུབ་མེད། དེ་ཡང་ཁ་ཟས་ཕྲན་བུ་རེ་ཟུང་ལ་བརྟེན། གང་ཡིན་ཟེར་ན་བག་ལེབ་སྐམ་པོ་དང་ཕྱུར་བ་འགའ་ལས་ཁྱེར་མེད་པ་དང་། འགའ་རེས་བག་ལེབ་སྐམ་པོ་འགའ་ལས་ཁྱེར་མེད། འགའ་རེ་ལ་ནི་ཟ་རྒྱུ་དང་ཡང་བྲལ། སྟབས་ལེགས་ཏེ་དབྱར་ཁ་ཡིན་པས་ག་བ་ཡིན་སར་ཤིང་ཏོག་རྙེད་རྒྱུ་ཡོད།
དེ་ལྟར་ཉིན་དང་པོའི་ནང་ལམ་ཐག་ཉུང་ངུ་ཞིག་ལས་མ་འགྲུལ་ཡང་ཁོང་རྣམས་ཧ་ཅང་གི་ཐང་ཆད། ཉེན་ཁ་ཚབས་ཆེན་དང་ཆག་སྒོ་འདྲ་གང་ཡང་བྱུང་མེད། གང་ལྟར་གནད་དོན་ཆེན་པོ་དེ་འདྲ་བརྗིད་པོ་ལག་ཏུ་བླངས་ཚེ་འོག་ནས་འཆད་པའི་གནས་ཚུལ་དག་གནད་འགག་ཆུང་ངུར་ལོས་རྩིས་དགོས། དཔེར་ན། ལམ་ལ་བུད་མེད་ཞིག་གི་མིག་ལ་ཚེར་མ་ཟུག་ནས་རས་རློན་པས་འགེབ་དགོས་བྱུང་བ་དང་། ཕྲུ་གུ་ཞིག་ཤིང་དུམ་ལ་རྐང་པ་ཐོགས་ནས་ངུ་སྐད་ཤོར་ཏེ་ཞ་འཐེན་པ་དང་། ལོ་རྒན་ཞིག་ལུམ་བུ་ནག་པོ་ལ་རྐང་པ་ཐོགས་ཏེ་རྐང་པའི་ཚིགས་ལོག་ཀྱང་། རྨས་སྐྱོན་དེར་གོག་ཙོང་ཞིབ་མ་བྱུགས། བློ་སྟོབས་ཀྱིས་ན་ཟུག་དང་དུ་བླངས་ཏེ་འཁར་རྒྱུག་ལ་བརྟེན་ནས་ཞ་འཐེན་ངང་འགོ་འཁྲིད་འོག་མདུན་བསྐྱོད་བྱས། (དྲང་པོ་ཞུ་ན། འགའ་རེས་རྒས་པོའི་རྐང་ཚིགས་སྐོར་དེ་གཡོ་རྫུ་འཁྲབ་པ་རེད་ཅེས་དང་། ཡང་རྫུན་བཤད་དེ་ཕྱིར་ལོག་བྱེད་སྙིང་འདོད་པ་རེད་ཅེས་ཟེར།) གང་མཚམས་ནས་ལག་ལ་ཚེར་སྡོང་གིས་མ་ཟུག་པ་དང་། གདོང་ལ་རི་མོ་མ་མ་ཁེངས་བའི་ང་ོགདོང་ཅན་ནི་རེ་འགའ་རེད། སྐྱེས་པ་དག་གིས་དཔའ་བློ་ཁོག་ངང་བསྲན་པ་དང་། བུད་མེད་དག་ནི་ལམ་དུ་ཞུགས་པ་ནས་བཟུང་ཆུ་ཚོད་རེའི་ནང་སྨོད་མོ་བོར། རྩོལ་བ་འདི་དང་སྔུག་པོ་འདིས་འབྲས་བུ་གྱ་ནོམ་པ་ཇི་ཚོད་འབྱིན་མིན་སྐོར་ཤེས་ཀྱི་མེད་པས་བྱིས་ཕྲུག་ཚོ་ནི་རྒྱུན་ལྟར་བཞིན་དུ་ངུས་སོ།
ཡག་པ་ཞིག་ལ་དབུ་འཁྲིད་ཁོང་ལ་བར་ཆད་སོགས་གང་ཡང་བྱུང་མེད། ཁ་གསལ་དྲང་པོ་ཞུ་ན། ཁོང་ནི་ལེགས་པར་བསྲུང་ཡོད་པས་དང་། ད་དུང་དེའི་སྟེང་ལམ་འགྲོ་ཡང་ནི་ཡོད་ཐག་ཆོད་རེད་འདུག མཚན་མོ་དང་པོའི་གུར་སར་ངལ་གསོ་བའི་སྐབས་མི་སྡེ་གང་པོས་སྨོན་ལམ་འདེབས། ཉིན་འདིའི་འགྲུལ་ཞུགས་ལེགས་གྲུབ་ངང་རྫོགས་པ་དང་དབུ་འཁྲིད་ལ་གནོད་སྐྱོན་སོགས་གང་ཡང་མ་བྱུང་བས་དཀོན་ཅོག་ལ་དྲིན་ལྷག་ལྷག་ཏུ་ཆེ་བཅས་ཞུ། དེ་ནས་མི་བློ་སྟོབས་ཆེ་ཤོས་དེས་གཏམ་བཤད་འགོ་བཙུགས། ཁོང་གི་ངོ་གདོང་ལ་ལམ་བུ་ནག་པོས་བྲད་ཡོད་ནའང་དེར་སྣང་བ་ཅི་གང་མ་སྟེར་བར།
སྤུན་གྲོགས་ཚོ། ཞེས་འགོ་བཙུགས་ཏེ། དཀོན་ཅོག་གི་བཀའ་དྲིན་ལ། ཉིན་གཅིག་གི་འགྲུལ་ལམ་ལེགས་གྲུབ་ངང་རྒྱབ་ན་བསྐྱུར་ཟིན། འགྲུལ་ལམ་འདི་སྟབས་བདེ་བོ་ཞིག་མིན། ཡིན་ཡང་འགྲུལ་ལམ་དཀའ་བོ་དེས་བདེ་སྐྱིད་ལ་འཁྲིད་ཀྱིས་ཡོད་པ་ནི་ང་ཚོས་ཤེས་གསལ་ལྟར་ཡིན་པས་ང་ཚོས་ངེས་པར་དུ་བཟོད་བསྲན་གནང་དགོས། དཀོན་ཅོག་ནུས་ཅན་ཁོང་གིས་གུས་ཚོའི་དབུ་འཁྲིད་གནོད་སྐྱོན་ལས་བསྲུངས་ཏེ། དབུ་འཁྲིད་ཁོང་གིས་མུ་འཐུད་ལེགས་གྲུབ་ངང་ང་ཚོའི་སྣེ་འཁྲིད་རྒྱུ་ཡོང་བར་སྨོན།
གལ་ཏེ་སང་ཉིན་ཡང་ད་རིང་བཞིན་འདས་ན། ངའི་མིག་གཞན་དེའང་འཕྲོ་བརླག་འགྲོ་བ་འདུག ཅེ་བུད་མེད་གཅིག་གིས་ངར་ཏེ་སྨོས།
ཨ་ཡ། ངའི་རྐང་པ་དེ། ཞེས་རྒས་པོ་ཞིག་བུད་མེད་དེའི་གཏམ་བཤད་ལས་སེམས་ཤུགས་རྒྱས་ཏེ་འུ་ཐུག་བཤད།
བྱིས་ཕྲུག་དག་བསྟུད་མར་ངུ་སྐད་རྒྱོབ་པ་དང་ངུ་བ་སོགས་བྱས། གཏམ་བཤད་པའི་གསུང་དག་གོ་སླད་་ཨ་མ་དག་ལ་ཕྲུ་གུ་ཚོ་ཁ་ཁུ་སིམ་པོ་བཟོ་བར་དཀའ་ལས་ཞེ་དྲགས་བྱུང་།
རེད། ཁྱེད་རང་གི་མིག་གཞན་དེའང་འཕྲོ་བརླག་ཏུ་འགྲོ་སྲིད། ཅེས་རླུང་ཚུབ་ངང་བཤད། གཉིས་ཀ་འཕྲོ་བརླག་ཏུ་འགྲོ་བར་ཤོག གནད་དོན་ཆེན་པོ་དེ་འདྲའི་སླད་མིག་གཅིག་འཕྲོ་བརླག་འགྲོ་བ་སྟེ་གནད་འགག་མིན། ཁྱེད་རང་ཡིན་ན་ལས་ངོ་ཚ་དང་ཁྲེལ་ཡོད་དགོས། ཁྱེད་རང་གི་ཕྲུ་གུའི་བདེ་སྐྱིད་སྐོར་དུས་ནམ་ཡང་བསམ་གཞིགས་མི་བྱའམ། གནད་དོན་དེའི་ཐད་ང་ཚོའི་ནང་ནས་མི་ཚོགས་ཕྱེད་ཀ་ཙམ་མེད་པར་འགྱུར་སོང་ནའང་ཁྱད་ཅི་ཡོད། མིག་གཅིག་ལ་བལྟ་རྒྱུ་གང་ཡོད། མ་གཞི་ནས་ང་ཚོར་བལྟ་སྐྱོང་གནང་མཁན་དང་བདེ་སྐྱིད་དུ་འཁྲིད་མཁན་ཡོད་ཐོགས་ལ་ཁྱེད་རང་གི་མིག་བེད་སྤྱོད་ཅི་ཡོད། རྒས་པོའི་རྐང་པ་དང་ཁྱེད་རང་གི་མིག་ལ་བསམ་བློ་གཏོང་ནས་ད་ལྟའི་བྱེད་སྒོ་ཚང་མ་མཚམས་འཇོག་དགོས་སམ།
ཁོང་རྫུན་བཤད་རེད། རྒས་ཁོག་ཁོ་རྫུན་བཤད་བསྡད་རེད། ནང་ལ་ཕྱིར་ལོག་བསམས་སྟེ་གཡོ་རྫུ་བྱེད་བཞིན་འདུག ཅེས་ཕྱོགས་གང་ཡོང་ནས་བསྒྲགས།
སྤུན་གྲོགས་ཚོ། ཞེས་གཏམ་བཤད་པས་སླར་སྨོས། སྐྱོན་བརྗོད་བྱེད་པ་དང་ང་ཚོ་ལྷག་མ་ཚོའི་ཆོད་སེམས་དཀྲུག་པ་ལས། མུ་འཐུད་བསྐྱོད་འདོད་མེད་པ་ཡོད་ན་ཕྱིར་ལོག་བཅུག་ན་དགའ། ང་ལ་ཆ་བཞག་ན། ངའི་ལུས་པོ་དེའི་ནང་ཤུགས་ཅུང་ཟད་ལས་ལུས་མེད་ནའང་དབུ་འཁྲིད་མཛངས་པ་ཁོང་གི་རྗེས་སུ་འབྲང་རྒྱུ་ཡིན།
ང་ཚོ་ཚང་མ་རྗེས་སུ་འབྲང་རྒྱུ་ཡིན། ང་ཚོ་འཚོ་ཕྱིན་ཆད་ཁོང་གི་རྗེས་སུ་འབྲང་རྒྱུ་ཡིན། འོན་ཀྱང་དབུ་འཁྲིད་ནི་ཁ་ཁུ་སི་མེར་འདུག
མི་ཡོད་ཅོག་ཁོང་ལ་བལྟ་བཞིན་དུ་ཤུབ་ཤུབ་ངང་།
ཁོང་བསམ་བློའི་ནང་ཚུད་དེ་གདའ།
མཁས་པ་ཁོང་།
ཁོང་གི་དཔྲལ་བར་ལྟོས་དང་།
རྒྱུན་དུ་བཞིན་རས་ལ་སྙེར་མ་སྡུད་དེ་རེད།
སྒམ་པོ།
ཁོང་ནི་བློ་སྟོབས་ཅན་ཞིག་རེད། ཁོང་གི་གང་ལ་བལྟ་ནའང་བློ་སྟོབས་ཅན་ཞིག་ཡིན་པ་གསལ་ལེརའདུག
ཁྱེད་ཀྱིས་ཡང་བསྐྱར་གསུང་ནའང་ཆོག གྱང་ར། ར་བ་བཟོ་ཆས། ཚེར་མའི་རིགས། འོན་ཀྱང་ཁོང་གིས་ཅི་གང་ལན་ཅི་གང་མ་གསུང་བར་རྣམ་འགྱུར་སྒམ་པོའི་ངང་ཡོད་ཚད་བརྒྱུད་དེ་བསྐྱོད་དེ་འཁར་རྒྱུག་བསྣུན་དུས། ཁོང་གི་ཐུགས་དགོངས་གང་ཡིན་ངེས་པར་དུ་ཚོད་དཔག་བྱེད་དགོས།
དབུ་འཁྲིད། (༡)
སྤུན་གྲོགས་དང་མཆེད་གྲོགས་ལྷན་རྒྱས། གུས་པས་ཁྱེད་རྣམས་པས་གསུངས་པ་ཡོད་ཚད་ཉན་ཟིན། ངས་འཆད་པ་ལའང་ཉན་པའི་རེ་བ་ཡོད། ཡུལ་ལུང་སྐྱ་བོ་དེར་གནས་སྡོད་བྱེད་ཕྱིན་ཆད་གཏམ་བཤད་དང་གླེང་སློང་ཇི་ཙམ་གནང་ཡང་དགོས་པ་ཆུང་། དུས་ངན་ཐན་པའི་སྐབས་སྨོས་མི་དགོས་པར་ཆར་དུས་ཡིན་ན་ལས་བྱེ་ཐང་ས་རྡོས་ཁེངས་པའི་ཡུལ་ལུང་འདིར་ཅི་གང་བསྐྱེད་པར་བྱེད་ཐུབ་མེད། དུས་ནམ་བར་ང་ཚོ་དོན་མེད་དུ་འཛོམས་ནས་གླེང་ངམ། ཕྱུགས་རིགས་དག་རྩ་ཟན་མེད་ནས་འཆི་བ་དང་། དེ་ནས་རྒྱུན་རིང་མ་ལོན་བར་འུ་ཅག་ཚོའང་ལྟོགས་ཤིས་མནར་བ་འདུག ང་ཚོས་ངེས་པར་དུ་ཐབས་ཤེས་གང་བཟང་ཞིག་དང་རྒྱུ་མཚན་ལྡན་པ་ཞིག་གཏོང་དགོས། གུས་ཚོ་གནས་སྟངས་དེ་འདྲ་ངང་མུ་འཐུད་འཚོ་མི་ཐུབ་པས། ཕྲན་གྱི་བསམ་ཚུལ་ནི་ཡུལ་ལུང་སྐྱ་བོ་དེ་བོར་ནས། ཕྱོགས་བཞི་གང་སར་བསྐྱོད་དེ་ས་བཅུད་བཟང་པོ་ཡོད་ས་ཞིག་འཚོལ་ན་ལེགས་སམ་སྙམ། དེ་ལྟར་རྩིས་ཤིང་སོགས་མི་སྐྱེ་བའི་ཡུལ་སྡེ་དེའི་མི་འགས་ཚོགས་འདུར་སྐད་གསང་ཐང་ཆད་པའི་ངང་དེ་ལྟར་བཤད།
བྱུང་བ་དེ་འདྲ་ཞིག་གནས་གང་དང་དུས་ནམ་བྱུང་ཡོད་མེད་ནི་ཁྱེད་དང་ངས་བཅང་དགོས་པའི་ཐུགས་ཁྲལ་མིན་པར་སེམས། ཁྱེད་རྣམས་པས་སྔ་དུས་ན་གནས་ཚུལ་ཇི་ལྟ་ཞིག་བྱུང་བ་ཡིད་ཆེས་གནང་རྒྱུ་དེ་གནད་འགག་ཡིན། ད་དེ་ཙམ་གྱིས་ཆོག། དྲང་པར་ཞུ་ན། སྐབས་མཚམས་རེར་སྒྲུང་དེ་ངས་བརྩམས་པ་མིན་ནམ་སྙམ། ཡིན་ཡང་རབ་དང་རིམ་པ་བརྒྱུད་ནས་གོ་ལོག་ཆེན་པོ་དེ་བསལ་སོང་། ད་ཆ་སྒྲུང་དེ་ངས་སྤེལ་བ་ཡིན་མི་སྲིད་པ་དང་། ས་ཆ་ངེས་མེད་ཞིག་ཏུ་བྱུང་ཡོད་ངེས་པ་དང་། གནསཚུལ་གང་བྱུང་བ་དེ་འཆད་རྒྱུའི་སེམས་ཐག་བཅད་ཡོད།
ཕྱག་སྐེ་རགས་འོག་བཞག་ནས་ངོ་གདོང་སྐྱ་ཕོགས་གེ། སྟོང་སིང་ངེ། ཤུགས་ཟད་པའི་རྣམ་པ། རྣམ་འགྱུར་བསྐྱུར་མོ། ཕལ་ཆེར་བློ་ཡུལ་འདས་པའི་བཞིན་རྣམ་དང་བཅས་པའི་་གསན་པ་པོ་ལྷན་རྒྱས་བཀའ་མོལ་དོན་ལྡན་དེས་གསོན་པར་བྱས། ཁོ་མོ་ཚོར་སྣང་བ་དེ་ལྟར་བྱུང་སྟེ། རྒྱབ་ངོས་འཕྲོ་བརླག་ཏུ་སོང་བའི་ཚད་ཀྱི་ཞིང་ལས་ལ་འབད་པ་ནའང་བྱས་པ་ཆུད་ཟོས་སུ་མི་འགྲོ་བར་བཙས་མ་སོགས་རྔ་རྒྱུ་ཡོང་བའི་ལྷ་ཡུལ། ཞིང་ཁམས་རྫུ་འཁྲུལ་ཅན་ཞིག་ནང་ཡོད་པའི་འཁྲུང་སྣང་བྱུང་།
ཁོང་བདེན། ཁོང་བདེན། ཞེས་ཕྱོགས་ཡོངས་ནས་ནུས་མེད་ཀྱི་སྐད་ཤུབ་ཤུབ་ངང་སྨོས།
ས་ཆ་དེ་ཐག་ཉེ་སར་ཡོད་ན། ཞེས་དོགས་འདྲིའི་སྐད་ཀྱིས་གོ་ལ་མ་གོ་ལ་ངང་ཟུར་ཞིག་ནས་གྲགས།
སྤུན་གྲོགས་ཚོ། ཞེས་གཞན་ཞིག་གིས་སྐད་གསང་མཐོན་པོའི་ངང་འཆད་འགོ་བཙུགས། ང་ཚོ་མུ་འཐུད་འདི་བཞིན་འཚོ་འོས་པར་མི་འདུག་པས། ངེས་པར་དུ་ང་ཚོས་ལམ་སྟོན་བཞིན་གང་སྩོལ་སྩོལ་ལག་བསྟར་བྱེད་ན་ཕན། དོན་མེད་དུ་ང་ཚོས་སོ་སོར་སྡུག་པོ་གཏོང་བ་དང་རྩེད་མོ་རྩེ། ཁ་ཟས་སུ་བེད་ཆོག་པའི་ས་ལུ་སོགས་ཇི་ཙམ་བཏབ་ཀྱང་། རི་བོ་ནས་ཆུ་རུད་ཀྱིས་དེད་དེ་བྲག་སྐམ་པོ་ཞིག་ལས་ལྷག་མེད། ཞོགས་སྔ་བོ་ནས་ནུབ་མཚན་མོ་བར་སྡུག་ལས་ལ་བརྩོན། མཐར་ཐུག་རྐང་རྗེན་མ་དང་རྨ་ཧྲེང་མ་ལས་མ་ལུས་ནའང་གཏན་དུ་འདིར་འདུག་དགོས་ཡིན་ནམ། ང་ཚོ་ས་ཆ་བཟང་བ་ཞིག་དང་། ཞིང་འབྲས་གྱ་ནོམ་པ་སྦྱིན་ནུས་ཀྱི་ས་གནས་དག་འཚོལ་བར་ཕྱོགས་གང་སར་བསྐྱོད་དགོས།
འགྲོ། གང་མགྱོགས་འགྲོ། ས་ཆ་དེ་འཚོ་ནུས་ཅན་ཞིག་ཏུ་མི་འདུག ཅེས་སྐད་ཤུབ་ཤུབ་ནས་ཆེ་ཆེར་འཕེལ་བ་དང་། མི་ཚོགས་དག་གང་དུ་འགྲོ་མིན་ལ་མ་བསམ་པར་གང་སར་འགྲོ་འགོ་བཙུགས།
སྤུན་གྲོགས་ཚོ་སྒུགས་དང་། ཁྱེད་ཚོ་གང་དུ་འགྲོའམ། ཞེས་གཏམ་བཤད་པ་དང་པོ་དེས་སྨོས། ང་ཚོ་ངེས་པར་དུ་འགྲོ་དགོས་རེད་དེ། འགྲོ་སྟངས་དེ་འདྲ་མིན། གང་དུ་བསྐྱོད་མིན་ཤེས་དགོས། དེ་མིན་ང་ཚོ་གནས་སྟངས་འདི་ལས་སྐྱོབ་པ་ལས་གནས་སྟངས་ཐབས་སྡུག་པ་ཞིག་གི་ནང་ལུས་སྲིད། ངའི་བསམ་ཚུལ་བྱེད་ན་ང་ཚོས་ལམ་བཟང་སྟོན་ནུས་པའི་འགོ་འཁྲིད་ཅིག་བདམ་ནས་བཀའ་བསྲུང་ཅི་བསྒྲུབ་ཞུ་ན་བཟང་།
དོམ། ད་ལྟ་འཕྲལ་དུ་མི་ཞིག་དོམ། ཞེས་པའི་སྐད་སང་གང་ས་ནས་ཐོས།
ད་ཚོད་གཞི་ནས་རྙོང་ཟིང་དྲག་པོ་དང་ཁ་རྩོད་ལངས། ཡོད་ཚད་ཀྱིས་བཤད་དེ་ཉན་མཁན་མེད་པ་དང་ཡོད་ནའང་གོ་མི་ཐུབ་པའི་གནས་སུ་གྱར། དང་ཐོག་ཕྱོགས་ཁ་སོ་སོར་གྱེས་པ་དང་མི་སྒེར་དག་ཀྱང་གོ་ལ་མ་གོ་ལ་སྨོས། གང་མཚསམ་ནས་ཕྱོག་སོ་སོའང་གྱེས། མི་གཉིས་རེ་ཕན་ཚུན་ལག་ནས་བཟུང་སྟེ། གཏམ་སྨོས་རེས་བྱས་པ་དང། རྒྱུ་མཚན་ལབ་རེས་དང་། ལག་ནས་འཐེན་རེས་བྱས་པ་དང་། སྐབས་ཤིག་ནས་ཁ་ཁུ་སིམ་པོར་འདུག་དགོས་པའི་ལག་བརྡ་བྱས། དེ་ནས་མུ་འཐུད་ལབ་གཏོང་བཞིན་ལ་སླར་ཡང་ཚོགས།
སྤུན་གྲོགས་ཚོ། ཞེས་པའི་གློ་བུར་ངང་འུར་སྒྲ་བརྗིད་པོ་ཞིག་བསྒྲགས་ཏེ་སྐད་གཞན་པ་ཉོབ་སྣང་ཅན་དང་འཛེར་སྐད་དག་ཟིལ་གྱིས་གནན། འདི་ལྟརཁ་་རྩོད་རྒྱུན་འཐུད་དེ་གནས་ན་མོས་མཐུན་ཅི་ཡང་ཡོང་མི་ཐུབ། ཚང་མས་མཆུ་འགུལ་གྱིན་ལ་ཉན་མཁན་སུ་གང་མི་འདུག ད་དབུ་འཁྲིད་དོམ། ང་ཚོའི་ནང་ན་སུ་གདམ་ན་བཟང་ངམ། ང་ཚོའི་ནང་འགྲིམ་འགྲུལ་དང་འབྲེལ་བའི་ལམ་གྱི་རྒྱུད་མངའ་དང་ཉམས་མྱོང་སུ་ལ་མཐོའམ། ང་ཚོ་ཕན་ཚུན་ངོ་ལེགས་པོར་ཤེས། ང་འདྲ་ལ་ཆ་བཞག་ན། ང་རང་དང་ངའི་བུ་ཕྲུག་ཚོ་དབུ་འཁྲིད་སྒེར་པ་ཞིག་གི་མངའ་འོག་ཏུ་འཇོག་ཐུབ་དཀའ། དེ་ལས་ཞོགས་སྔ་བོ་ནས་ལམ་ཟུར་གྱི་གྲིབ་མ་དེར་བསྡད་པའི་ཡུལ་བསྐོར་བ་དེ་ཁྱེད་རྣམས་ནས་སུས་ངོ་ཤེས་མིན་ཤོད་དང་།
ཁ་ཁུ་སིམ་མེར་ལུས་ཏེ། ཚང་མས་མི་གསར་པ་ཡོད་ས་དེར་མར་འཁོར་ཏེ་མགོ་ནས་འཇུག་བར་ཞིབ་བལྟ་བྱས།
ཡུལ་བསྐོར་བ་དེ་ནི། ལོ་ན་དར་མ། ངོ་མདོག་སྒམ་མེ་བ། དེ་ཡང་རྒྱ་དང་སྐྲ་གསེང་ནས་མཐོང་ཙམ་རེད། ཁོང་སྔོན་བཞིན་བསྟུད་མར་ས་ལ་བསྡད། སྐབས་མཚམས་རེར་འཁར་རྒྱུག་ས་ལ་སྣུན་བཞིན་ཁ་ཁུ་སིམ་མེའི་ངང་བསམ་བློའི་དྲ་བར་ཚུད།
ཁ་སེང་བུ་ཆུང་ཞིག་དང་ལྷན་དུ་མཐོང་བྱུང་། ཁོང་རྣམས་གཉིས་ཕན་ཚུན་ལག་ནས་བཅངས་སྟེ་སྲང་ལམ་བརྒྱུད་མར་འགྲོ་བཞིན་གདའ། འདང་དགོང་བུ་ཆུང་དེ་གྲོང་གསེབ་ནས་ཐོན་ཡང་མི་གསར་འདི་གར་བསྡད་སོང་། ཅེས་དེའི་ནང་ཡོད་པའི་མི་གཅིག་གིས་སྨོས།
སྤུན་གྲོགས་ཚོ། དོན་དག་མེད་པའི་གནས་ཚུལ་ཆུང་ཚགས་དེ་བཞག་སྟེ་དུས་ཚོད་ཆུད་ཟོས་སུ་མི་གཏོང་ན་ལེགས། ཁོང་སུ་ཡིན་ནའང་འདྲ། ང་ཚོ་སུས་ཀྱང་ངོ་ཤེས་པ་ཞིག་མིན་དུས་ཐང་རིང་ནས་ཡོང་བ་དང་། ལམ་ཐག་སྟབས་བདེ་བ་དང་ལམ་བུ་མྱུར་ཤོས་སྐོར་རྒྱུས་མངའ་ཡོད་པ་ཞིག་ཡིན་ངེས་རེད། ངའི་བྱེད་ན་ཁོང་གཏན་གཏན་མཁས་ཅན་ཞིག་ཀྱང་ཡིན་སྲིད། གང་ཡིན་ཟེར་ན་ཁོང་ཕར་ཕྱོགས་ན་ཁ་ཁུ་སིམ་མེར་བསམ་བློ་གཏོང་བཞིན་འདུག མི་གཞན་ཞིག་ཡིན་ན་ད་བར་ང་ཚོའི་གནས་ཚུལ་ལ་ཐེ་ཇུས་བྱེད་ཐེངས་བཅུ་ཕྲག་འགལ་གནང་ཡོད་ངེས་དང། ང་ཚོ་གང་རུང་ཞིག་དང་མཉམ་སྐད་ཆ་ཡང་བཤད་ཡོད་ངེས་རེད། འོན་ཀྱང་ཁོང་ནི་ཕྱོགས་ཕ་གིར་ཁེར་རྐྱང་ངང་ཅི་གང་མི་སྨོས་པར་གནས།
ཡིན་ཐག་ཆོད་རེད། ཁོང་ཁ་ཁུ་སི་མེར་འདུག་པ་ནི་བརྗོད་བྱ་གང་རུང་ཞིག་གི་སྐོར་བསམ་བློ་གཏོང་བཞིན་རེད། རིག་པ་ཅན་ཞིག་ཡིན་པས་དེ་ལྟར་ཡིན་པ་ལས་གཞན་ཡིན་མི་སྲིད། ཅེས་གཞན་པ་ཚོས་ཀྱང་མོས་མཐུན་བྱས་ནས་བསྐྱར་དུ་ཁོང་ལ་ཞིབ་བལྟ་བྱེད་འགོ་བཙུགས། མི་སྒེར་རེ་རེནས་ཁྱད་ཆོས་དམིགས་གསལ་རེ་མཐོང་། དེ་ནི་མཐུན་མོང་མ་ཡིན་པའི་ཡོན་ཏན་ཞིག་མངའ་བའི་རྟགས་མཚན་རེད།
གྲོས་བསྡུར་གནང་སྟེ་དུས་རྒྱུན་རིང་པོ་མ་གཏོང་བར་ལྷན་རྒྱས་ཚང་མས་ཡུལ་བསྐོར་བ་ཁོང་ལ་འདྲི་གཅོད་བྱེད་ན་སྟབས་བདེ་ཤོས་རེད་ཅེས་སྤྱི་མཐུན་བྱུང་། ཁོ་མོ་དག་གི་སྣང་ཚུང་ལ་ཁོང་ནི་དཀོན་ཅོག་གིས་ཁ་མོ་ཚོ་ས་བཅུད་ཅན་དང་ས་གནས་བཟང་པ་ཞིག་ལ་སྣེ་འཁྲིད་པའི་ཆེད་བརྫངས་པ་ཞིག་ལགས་སྙམ་པ་བྱུང་། ཁོང་ནི་ཁོ་མོ་ཚོའི་དབུ་འཁྲིད་དུ་འབྱུང་ན་ལེགས་པ་དང་། དོགས་པ་རྣམ་རྟོག་མེད་པའི་སྒོ་ནས་བཀའ་བསྲུང་ཅི་བསྒྲུབ་ཞུ་དགོས་སྙམ། ཁོང་རྣམས་ནས་མི་གསར་པའི་རྩར་སོང་ནས་ཁོ་མོ་ཚོའི་ཐག་ཆོད་དེ་གསལ་བཤད་ཞུ་མཁན་མི་བཅུ་བདམ། སྐུ་ཚབ་ཚོགས་མི་ལྷན་རྒྱས་ཀྱི་ཐུགས་འགན་ནི་ཉག་ཕྲ་བའི་གནས་སྟངས་སྐོར་ར་སྤྲོད་བྱ་རྒྱུ་དང་ཁོང་ལ་དབུ་འཁྲིད་གནང་དགོས་པའི་རེ་བསྐུལ་ཡང་ཞུ་རྒྱུ་རེད།
ཚོགས་མི་བཅུ་པོ་ཁོང་སར་སོང་ནས་གུས་ཞབས་ངང་བཏུད་དེ། ཚོགས་མི་ཞིག་གིས་བེད་མེད་ཀྱི་ས་དང་། ཐན་པ་བྱུང་བའི་ལོ་དུ་མའི་སྐོར་དང་། དཀའ་སྡུག་ཇི་ཙམ་འཁུར་མིན་སྐོར་ཡོད་ཚད་ཞུ་པ་རེད། ཁོང་གིས་མཐའ་སྡོམ་འདི་ལྟར་གནང་། གནས་སྟངས་དེས་ང་ཚོའི་ཁང་ཁྱིམ་དང་ང་ཚོའི་ཡུལ་བོར་ནས་གླིང་གསར་པའི་ནང་གོམ་པ་སྤོས་ནས་ནང་གསར་པ་ས་བཟང་བ་ཞིག་མ་འཚོལ་ཐབས་མེད་བཟོས། ང་ཚོ་ཚང་མའི་བསམ་ཚུལ་བསྡུས་ཏེ་སྤྱི་མཐུན་བྱུང་བ་ནི། དཀོན་ཅོག་གིས་ང་ཚོར་ཐུག་རྗེས་གཟིགས་བཞག ཁོང་གིས་རིན་ཐང་བྲལ་བའི་མཁས་པ་ཁྱེད་གུས་ཚོར་དགོངས་ཏེ་བཏང་། ཁྱེད་ཀྱིས་ང་ཚོའི་སྣེ་འཁྲིེད་དེ་འུ་ཅག་སྡུག་བསྔལ་ལས་སྒྲོལ་བ་འདུག སྡེ་ཡོད་དོ་ཅོག་གི་ཚབ་ཞུ་སྟེ་ང་ཚོའི་དབུ་འཁྲིད་གནང་བར་ཞུ། ཁྱེད་གང་དུ་སོང་ཡང་ང་ཚོས་རྗེས་སུ་འབྲངས་ཆོག འགྲུལ་ལམ་ནི་ཁྱེད་རང་གིས་མཁྱེན་ལ། ཁྱེད་རང་ས་གནས་བཟང་ཞིང་སྤྲོ་བ་ཞིག་ལ་སྐུ་འཁྲུངས་བ་ཡིན་ངེས། ཁྱེད་ཀྱིས་གང་གསུང་ཉན་པ་དང་བཀའ་བསྲུང་ཞུ་ཆོག མཛངས་པ་ཁྱེད་གུས་ཚོའི་རྣམ་ཤེས་ཕོན་ཆེ་དེ་དག་བསྐྱབ་པར་ཞལ་གྱིས་བཞེས་སམ། གང་ཉིད་འུ་ཚོའི་དབུ་འཁྲིད་གནང་ངམ། ཞེས་ཞུས།
མི་གསར་ཁོང་གིས་འོ་དོད་ཀྱི་གཏམ་ཞུ་བའི་རིང་དབུ་ཡར་འགྱོག་ཙམ་ཡང་མ་གནང་བ་དང་། ཁོང་ཚོས་ཐོག་མར་ཇི་ལྟར་བཞུགས་པ་མཐོང་བ་དེ་ལྟར་གནས་སོ། ཁོང་གི་དབུ་མར་དུད་ནས་རྣམ་འགྱུར་བསྐྱུར་ཙམ་ལས་གང་ཡང་མ་གསུངས་། བར་མཚམས་སུ་འཁར་རྒྱུག་དེ་ས་ལ་བསྣུན་ཏེ་བསམ་གནོ་བཏང་། གཏམ་བཤད་རྫོགས་པ་དང་ཁོང་གིས་དྲག་པོའི་ངང་འགྲིག་གིས་རེད་ཅེས་ལྷོད་པོར་གསུངས།
ང་ཚོ་ཁྱེད་དང་ལྷན་ས་གནས་བཟང་བ་ཞིག་འཚོལ་དུ་འགྲོ་ན་འགྲིག་གམ།
ཁྱེད་རྣམས་དེ་ལྟར་ཆོག ཅེས་དབུ་འགྱོག་ཙམ་མ་གནང་བར་མུ་འཐུད།
དགའ་སྤྲོ་དང་དགའ་བའི་རྣམ་འགྱུར་ཁེངས། འོན་ཀྱང་མི་གསར་པ་དེས་ཚིག་གཅིག་ཀྱང་མ་བཤད། ཁོང་བཅུ་པོས་སྡེ་མི་རྣམས་ལ་འགྲུབ་འབྲས་སྐོར་བསྙད་པ་དང་། དེའི་སྟེང་ཁོང་གི་ཤེས་ཡོན་རྒྱ་ཁྱོན་ཇི་ཚོད་ཡོད་པ་ད་གཟོད་གཞི་ནས་ཤེས་བྱུང་ཞེས་བསྣན།
ཁོང་གཏམ་བཤད་བྱེད་མཁན་སུ་ཡིན་མིན་ཤེས་སླད་འདུག་གནས་དེ་ལས་འགུལ་ཙམ་དང་མགོ་བོ་འགྱོག་ཙམ་ཡང་བྱས་མེད། ཁོང་ཁ་ཁུ་སིམ་སིམ་ངང་བསྒོམས་ནས་བསྡད།
ཁོང་གིས་ང་ཚོའི་གཏམ་བཤད་དང་དགའ་ཚོར་ལ་ཚིག་བཞི་ལས་བཤད་མ་བྱུང་།
ཉམས་ལེན་པ་ཚད་ལྡན་ཞིག་དང་མཁས་པ་ཆེས་དཀོན་པ་ཞིག་རེད་ཨ། ཞེས་ཕྱོགས་ཡོངས་ནས་བསྒྲགས་ཏེ། ང་ཚོ་སྐྱོབ་ཆེད་དཀོན་ཅོག་ཁོང་རང་གིས་བཏང་བའི་ལྷ་སྲས་ཡིན་ཚུལ་བརྗོད། མི་སྡེ་ཡོད་ཚད་ལ་དེ་འདྲའི་འགོ་འཁྲིད་འོག་བར་ཆད་གང་འདྲ་ཞིག་གིས་ཀྱང་བར་དུ་གཅོད་མི་ཐུབ་པ་དང་འགྲུབ་འབྲས་འབྱུང་ངེས་པའི་ཡིད་ཆེས་སྐྱེས། སང་ཉིན་ཐོ་རངས་ཤར་བ་དང་འགྲུལ་ཞུགས་བྱ་རྒྱུ་གཏན་འཁེལ་ཏེ། སང་ཉིན་མོར་ཐག་རིང་གི་འགྲུལ་ཞུགས་འདིར་ཞུགས་སྤོབས་པ་དག་འདུ་འཛོམས་བྱས་ཡོང་དུས། འདུས་ཚང་ཉིས་བརྒྱ་ལྷག་འཛོམས་ཐང་དུ་འབྱོར། འགས་རེ་ས་གནས་རྙིང་པ་བསྲུང་བའི་ཆེད་ས་གནས་འདི་གར་བསྡད།